
གཉན་པོ་ཨ་སྐྱའི་བུ་རྒྱུད།
ནགས་ཚང་དཔལ་ལྡན།
བདག་གི་ངོ་དེབ།
བདག་གི་ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་ཨ་མདོ་རྔ་བ་གཅའ་རུ་བའི་་འབྲོག་སྡེའི་རྩྭ་ཐང་གི་ནོར་ལུག་ཚོས་ངུར་སྒྲ་དང་འབའ་སྒྲའི་ལྲོད་དུ་གཉན་པོ་ཨ་སྐྱའི་རི་འདབ་དུ་བཞག་ཏེ་ཚེ་སྲོག་གི་དབུགས་རྒྱུན་དང་པོ་དེ་རུ་རྙེད།བོད་གདོང་དམར་གྱི་གོམ་སྲོལ་ལྟར་བླ་ཆེན་ཞིག་ལ་སྐྱབས་བཅོོལ་གྱི་འོག་ནས་བདག་ལ་བསྟན་འཛིན་དཔལ་ལྡན་ཞེས་བཏགས་ཀྱང་ཡབ་ཡུམ་གྱི་གཅེས་མིང་ལྟར་བརྟན་པོ་ཞེས་འའབོད་མཁན་ཀྱང་ཡོད།
ཆུང་དུས་སུ་ཕ་མའི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་མི་ཉུང་བ་ཞིག་རག་ཀྱང་རང་ཉིད་བསམ་མེད་དང་མདོ་མེད་གཅིག་ཡིན་པས་སློབ་ལ་མ་འབད་པར་ཟང་ཟིང་གི་སྤྱི་ཚོགས་ལ་འཐུམ་པས་ཤེས་ཡོན་ཆུ་ཚད་ཧ་ཅང་དམའ་མོ་ཡིན་ཐོག་སློབ་གྲྭའི་སྒྲིག་ལམ་ལ་ཡང་གཏོར་ཤིག་མང་པོ་བཏང་ནས་ཕ་མ་དང་དགེ་རྒན་ལ་དཀའ་ངལ་མི་ཉུང་བ་ཞིག་བཟོ་མྱོང་བས་ད་ལྟ་འགྱོད་གདོང་གི་གནས་སུ་ལྷུང་ཡོད།
སྐལ་བ་བཟང་པོ་ཞིག་གིས་དབང་གིས་བདག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་བས་གཅིག་ནས་རང་ཉིད་ཀྱི་མི་ཚེར་ཁ་ཕྱོགས་ཤིག་རྙེད་པ་ཡིན་ལ།གཉིས་ནས་རང་བསམ་བློའི་གནས་བབས་ཡར་རྒྱས་སུ་གཏོང་བའི་གོ་སྐབས་གཅིག་རག་པའང་ཡིན།གསུམ་ནས་རང་གི་ཕ་མ་དང་ཁ་བྲལ་ནས་རང་ཉིད་གཅིག་པོ་མདུན་སྐྱོད་བྱེད་དགོས་ཀྱི་ཡོད་པས་དཀའ་ངལ་དང་སྡུག་བསྔལ་མི་ཉུང་བ་ཞིག་ལ་གདོང་ལེན་བྱེད་དགོས་པས་དེ་དག་ནི་ནར་གསོན་གྱི་མི་ཚེར་ཅིས་ཅང་དགོས་ངེས་ཞིག་ཡིན་པར་འདོད་ཀྱི་ཡོད་དོ།།
